གསང་ཆེན་ཨོ་རྒྱན་གཙུག་ལགMonastery · Trongsa, Bhutan
རི་འཕེལ་མེ་འབར་དགོན་གསང་ཆེན་ཨོ་རྒྱན་གཙུག་ལག

༆ མང་འདུས་རི་འཕེལ་མེ་འབར་དགོན་གསང་ཆེན་ཨོ་རྒྱན་གཙུག་ལག་གི་འབྱུང་རབས་དང་ལོ་རྒྱུས་ཡང་གསལ་མེ་ལོང་བཞུགས་སོ།

 རི་འཕེལ་མེ་འབར་ལྷ་ཁང་གསང་ཆེན་ཨོ་རྒྱན་གཙུག་ལག

སྔོན་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ནས་ བྱང་ཕྱོགས་རི་བྲག་ཅན་གྱི་ལྗོངས་ནི། མཐོ་དམན་ཅན་དང་། སྡོང་དུམ་དང་མཚེར་མས་གང་བ། རྡོ་བ་དང་གསེག་མ་དང་གྱོ་མོ་མང་བ། ཁྱི་ཟ་བ་དང་། བུད་མེད་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གི་ཉེས་དམིགས་ལྔ་དག་ཡོད་པར་རྗེས་སུ་གདམས་པ་ལས་ན། ཐམས་ཅད་པ་ཀུན་ བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་གནས་པར་བགྱི་འཚལ། དེ་ལྟར་བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་གནས་པ་རྣམས་ནི། སྟོན་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ། ཐུགས་རྗེ་ཆེན་པོ་མངའ་བས། དྲན་དང་ལྡན་རྣམས་བཟང་པོར་ཤོག །དྲན་དང་ལྡན་རྣམས་རྟག་ཏུ་བཟང་། །ཞི་བ་ཐོབ་པའི་ སེམས་ཀྱིས་ནི། །དྲན་དང་ལྡན་པ་བདེ་བར་ཉལ། །དྲན་དང་ལྡན་རྣམས་བཟང་པོར་ཤོག །དྲན་དང་ལྡན་རྣམས་རྟག་ཏུ་བཟང་། །རྒྱལ་དང་ཕ་རོལ་རྒྱལ་སྤངས་ནས། །དྲན་དང་ལྡན་པ་བདེ་བར་ཉལ། །ཞེས་སོགས་གསུངས་པ་ལྟར་ལྷོ་སྨན་ལྗོངས་བཀོད་པའི་རྒྱལ་ཁམས་ནི་སྟོན་པ་བཅོམ་ལྡན་འདས་དང་ དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་ གསང་སྔགས་ཀྱི་བསྟན་པ་དར་བའི་ཞིང་ཁམས་སུ་བྱིན་གྱི་རླབས་པར་མཛད་པ་དང་ སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་གནས་མཆོག་ཁྱད་པར་ཅན་ཡིན་པར་གནའ་རབས་ཀྱི་ལོ་རྒྱུས་རྣམས་སུ་གསལ་བ་དང་ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཐུན་མིན་གྱི་འདུལ་ཞིང་ བྱང་ཕྱོགས་ཁ་བ་ཅན་གྱི་ལྷོ་ཕྱོགས་སྨན་ལྗོངས་ཆོས་ཀྱི་ཞིང་ཁམས་དགའ་སྐྱིད་དཔལ་འཛོམས་ཀྱི་མཚན་སྙན་ཕྱོགས་ཀུན་ཏུ་གྲགས་པ་དཔལ་འབྲུག་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་མཐུ་ཆེན་ངག་དབང་རྣམ་པར་རྒྱལ་བའི་སྡེས་ རྒྱལ་ཁབ་ཀྱི་རིང་ལུགས་བསྒྱུར་ཞིང་ གུ་རུའི་ཞལ་སྐྱིན་ཁྱབ་བདག་གཏེར་ཆེན་རྒྱལ་པོ་པདྨ་གླིང་པའི་གདུང་བརྒྱུད་དྲི་མ་མེད་པ་དབང་ཕྱུག་བརྒྱུད་འཛིན་གྱི་མངའ་བདག་ཡབ་སྲས་རྣམས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་འཁོར་ལོ་བསྒྱུར་བའི་ཞིང་ཁམས་དཀྱིལ་འཁོར་ཆེན་མོ་གང་གི་དབུས་ དུས་རབས་༧པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྲིན་མོ་གན་རྐྱང་དུག་རྒྱལ་གྱི་ ཁ་གནོན་དུ་དེའི་ཡན་ལག་ཉིང་འཚམས་དང་བཅས་པར་ མཐའ་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་ བཞེངས་པའི་ནང་ཚན་ འབྲུག་ཡུལ་དུ་སྤ་གྲོ་སྐྱེར་ཆུ་ལྷ་ཁང་དང་བུམ་ཐང་བྱམས་པ་ལྷ་ཁང་གཉིས་བཞེངས་སྟེ་སངས་རྒྱས་བསྟན་པའི་དབུ་བརྙེས་པར་མཛད་པའི་ནང་ཚན་ བུམ་ཐང་བྱམས་པ་ལྷ་ཁང་གི་ནུབ་ངོས་སུ་ས་ཡི་དགེ་བཅུ་ཚང་བ་ ཀུན་མཁྱེན་ཀློང་ཆེན་པའི་ཞལ་ནས་ ནུབ་ཕྱོགས་མང་སྡེའི་ཡུལ་ཁམས་བཟང་པོ་ནི། །ཡིད་འོང་གཞུ་ཡི་དབྱིབས་ལྟར་མཛེས་པ་ལ། །གྲོང་རྣམས་མྱུར་ཞིང་ཕྱོགས་ཀྱི་སྐྱེ་བོ་འདུ། །ཆུ་བོའི་རྒྱུན་ཡང་ནུབ་ནས་ཤར་ལྷོར་འབབ། །འདི་ཡི་ཕུ་ན་ནགས་རིའི་ཚོགས་མང་ཞིང་། །བར་དུ་འབྲུ་མང་སྨན་ཤིང་ལོ་འབྲས་འཕེལ། །མདའ་ན་འབྲས་དང་ཁྲེ་དང་ཡོན་ལ་སོགས། །འབྲུ་སྣ་མང་ལ་ཇ་ཤིང་བཟང་པོ་སྐྱེ། །སྦྲང་དང་བཙོད་དང་ཡ་མཚན་ལ་སོགས་པ། །ཚོང་ཟོང་གྲངས་མང་དར་དང་རས་བལ་སོགས། །ཤིང་དང་ས་ལས་འཁྲུངས་པའི་བཟའ་བ་ཡང་། །རོ་མཆོག་བརྒྱད་ལྡན་དཀར་དམར་ལྡན་ པ་དང་། །བུ་རམ་ཤིང་དང་ཁ་ཟས་རྣམ་པ་མང་། །མང་སྡེའི་ཡུལ་ཞེས་མིང་དོན་མཐུན་པར་གྲགས། །ཞེས་གསུངས་པ་ལྟར་ མང་འདུས་སམ་མང་སྡེ་ཅེས་མང་དུ་འཕེལ་བ་དང་མང་དུ་འདུས་པའི་རྟེན་འབྲེལ་གྱི་ཆེ་བ་ལྡན་པའི་ ཀྲོང་གསར་འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེའི་རྫོང་ཁོངས་ བྲག་སྟེང་རྒེད་འོག་སྟེ་དཔལ་མི་དབང་མངའ་བདག་ འབྲུག་རྒྱལ་དང་པ་དང་གཉིས་པའི་ གནམ་དགུན་དུས་ཀྱི་བཞུགས་གནས་ཕོ་བྲང་ཆེན་པོ་ཀུན་དགའ་རབ་བརྟན་དང་ བསམ་གྲུབ་ཆོས་གླིང་གཉིས་ལས་ གཉིས་པ་བསམ་གྲུབ་ཆོས་གླིང་གི་ཕོ་བྲང་ཆེན་མོའི་མཚན་སྙན་ཡུལ་ལ་འཕོ་བའི་ བཀྲ་ཤིས་དོན་ཀུན་འགྲུབ་པའི་ཡུལ་བཟང་ག་ལ་བར། རྒྱབ་ཀྱི་རི་ནི་མཐོ་ལ་བྱམས་པ་གདན་བཞུགས་འདྲ་བ་སྟེ་ པདྨ་འདབ་བརྒྱད་དང་གནམ་འཁོར་ལོ་རྩིབས་བརྒྱད་ཀྱིས་ནམ་ཡང་བརྒྱན་པ་ གུ་རུ་བདེ་བའི་གནས་སྦས་ཡུལ་ དགའ་ལྡན་ལྗོངས་ སྒོམ་ཆེན་བྲག་ གཏེར་གནས་བཀྲིས་སྒོ་མང་སོགས་སྒྲུབ་པའི་གནས་ཆེན་ཁག་བྱིན་རླབས་ཀྱི་མཚན་ཁ་ལྡན་པ་། གཡས་རི་གཞི་བདག་གངས་དཀར་ཤ་མིག་ཀྱི་རི་ངོས་ལ་ཤིན་ཏུ་དཔའ་བའི་གཏུམ་པོའི་རི་དྭགས་ རྣམས་ཀྱིས་རྟག་ཏུ་སྙུལ་སྲུང་བྱེད་པ་ མ་རྨོས་པའི་ལོ་ཏོག་དང་རོ་མཆོག་བརྒྱ་དང་ལྡན་པའི་ཤིང་འབྲས་དང་སྨན་སྣ་ཡིས་བརྒྱན་ཅིང་དྭངས་པའི་ཆུ་གཙང་རྣམས་ཤང་ཤང་བབས་པ། མདུན་རི་མཐོ་ཤིང་ཡིད་དུ་འོང་བ་རྩེ་མོ་དུང་ལྟར་རྣོ་བ་ དཀར་བའི་ཁ་བས་བརྒྱན་ཅིང་ གསེར་དང་གཡུ་སོགས་རིན་ཆེན་གྱིས་མཚོའི་མཐའ་ནས་བསྐོར་བ་ གཏེར་སྲུང་ཕོ་ལྷ་ཆེན་པོ་ཇོ་བོ་དུར་ཤིང་ནི་མདུན་ཞོལ་ གཡོན་གྱི་རི་ངོས་དམའ་བ་སྟོབས་ལྡན་གླང་པོ་ཉལ་འདྲའི་མགོ་བོའི་ཟུར་དུ་ གཏེར་ཆེན་རྒྱལ་པོ་པདྨ་གླིང་པའི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེའི་བཞུགས་གནས་ གཡུང་དྲུང་ཆོས་གླིང་གི་རྫོང་ཆེན་ ཡོད་པ་ ཡུལ་ལ་འབྲུ་སྣ་དགུ་དང་ཤིང་ཏོག་སྣ་ཚོགས་པས་དབྱར་དགུན་མེད་པར་དྲི་བསྲུང་ཐུལ་བའི་གཡོན་ཕྱོགས་སུའོ།། ཞབས་སུ་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་རང་བཞིན་འབབ་ལུགས་ཐབས་ཤེས་མཚོན་པ་མདའ་གཞུའི་དབྱིབས་ ལྟར་བབས་པ་ མང་སྡེ་ཆུ་ཡིས་རྟག་ཏུ་མཆོད་པའི་ཚུལ་དུ་བཞུགས་པ་ལ་ ས་ངོས་མཚན་ལྡན་གྱི་ཐོད་པ་ཁ་བུབ་པ་ལྟ་བུའི་སྟེང་དུ་གུ་རུ་ཡབ་ཡུམ་གྱི་བླ་མཚོ་འཁྱིལ་བའི་སྟེང་ ཐ་ནས་འདོད་པ་ཐམས་ཅད་འཇོ་བའི་ཡིད་བཞིན་གྱི་ནོར་བུ་འཛིན་པའི་ཀླུ་ནོར་ཅན་སོགས་ཀླུ་བདུད་དང་ ཡིད་དུ་འོང་བའི་ཤིང་དང་བྱ་རིགས་སྣ་ཚོགས་པས་གླུ་དབྱངས་སུ་གྱེར་ ཤིང་རྟག་ཏུ་མཆོད་པ་དང་སྲུང་བའི་ཚུལ་དུ་བསྐོར་བའི་དབུས་སུ་ དུས་རབས་༨ པར་བུམ་ཐང་ལྕགས་མཁར་རྒྱལ་པོ་ སིན་དྷ་ར་ཛས་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ མོན་ཡུལ་དུ་སྤྱན་དྲངས་ རྒྱལ་པོའི་སྲས་མོ་མོན་མོ་ བཀྲ་ཤིས་ཁྱེའུ་འདྲེན་ལས་ཀྱི་ཕྱག་རྒྱ་མར་བསྟེན་ནས་ བདུད་དང་དམ་སྲི་ཐམས་ཅད་དམ་ལ་བཏགས་ རང་རྟགས་སྲོག་གི་སྙིང་པོ་ཕུལ་ གནས་རྡོ་རི་བྲག་ཐམས་ཅད་བྱིན་གྱིས་རླབས་ མ་འོངས་ལས་ཅན་རྣམས་ཀྱི་དོན་དུ་ གཏེར་ཁ་དུ་མ་སྦས་པ་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་རྣམ་ཐར་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་གསལ། དེ་ལྟར་ས་ཡི་དགེ་བཅུ་ཚང་བའི་གནས་ཕུན་སུམ་ཚོགས་པར་ མོན་མོས་སྒྲུབ་པའི་གཙུག་ལག་ཁང་བཏབ་ཅིང་དེའི་རབ་གནས་སུ་ ཨོ་རྒྱན་མ་ཧཱ་གུ་རུས་བསམ་ཡས་ཀྱི་གཙུག་ལག་ཁང་རྟེན་དང་རྟེན་བཅས་ལེགས་བསྒྲུབས་ཀྱི་རབ་ཏུ་གནས་པའི་སྐབས་ རི་འཕེལ་མེ་འབར་ལྷ་ཁང་ ཆོས་འཁོར་རྩེ་ལུང་ལྷ་ཁང་ སྟང་ཨ་ནུ་ལྷ་ཁང་ ཟུ་རི་དགེ་གནས་རིན་ཆེན་ལྷ་ཁང་དང་ ཀུར་སྟོད་ཁྱི་ཉལ་ལྷ་ཁང་སོགས་མོན་ཕྱོགས་ཀྱི་ཡང་འདུལ་ལྷ་ཁང་རྣམས་ཀྱང་སྐུའི་བཀོད་པ་རེ་རེར་སྤྲུལ་ཏེ་བསམ་ཡས་དང་མཚུངས་པར་ཉིན་མཚན་གསུམ་གྱི་རིང་ལ་རབ་ཏུ་གནས་པར་མཛད།

Two traditional whitewashed stone temple buildings with carved Bhutanese window frames on a grassy hillside beneath a soft, cloudy sky in the Mangde valley, Trongsa.

མ་འོངས་སྙིགས་མའི་སེམས་ཅན་རྣམས་ནད་ལས་གྲོལ་ཆེད་གུ་རུ་ཡབ་ཡུམ་གཉིས་ཀྱིས་མྱོང་གྲོལ་ སྒྲུབ་ཆུ་རྩ་ཅན་ཞིག་གཙུག་ལག་ཁང་གི་བྱང་ཕྱོགས་སུ་སྟོན་པར་མཛད། གདན་སའི་སྲུང་མ་ཡང་ལྗོངས་འདིའི་བདག་པོ་ མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏིར་བཏོད་པར་མཛད། དེའི་རྗེས་སུ་དུས་རབས་བཅུ་བཞི་པའི་ནང་ ཀུན་མཁྱེན་ཀློང་ཆེན་པས་ བུམ་ཐང་གླང་མ་མཐིལ་དུ་སྒྲུབ་གྲྭ་བཙུགས་ཅེས་རྣམ་ཐར་ནས་གསལ་བ་ལྟར་ མང་སྡེ་ཕྱོགས་སུ་སྒྲུབ་པའི་གདན་ས་ འགའ་ཞིག་བཅགས་པར་མཛད་པའི་ནང་ནས་ གཅིག་དགོན་པ་འདི་ཡིན་པའི་སྔོན་གྱི་ལོ་རྒྱུས་དང་ངག་རྒྱུན་དུ་གསལ། དེ་ལྟར་ཀུན་མཁྱེན་ཆེན་པོས་སྔ་འགྱུར་བཀའ་གཏེར་གཉིས་ཀྱིས་གཙོ་བོར་གྱུར་པའི་སྔ་འགྱུར་བའི་ ཕ་ཆོས་མདོ་སྒྱུ་སེམས་གསུམ་ སྙིང་ཐིག་ཡ་བཞི་ མཛོད་བདུན་སོགས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འདིར་ཕྱོགས་ཀྱི་སྐལ་ལྡན་རྣམས་སྨིན་པར་མཛད། དེའི་རྗེས་རྒྱལ་སྲས་འཇམ་དབྱངས་གྲགས་པ་འོད་ཟེར་ཡང་འདིར་ཕྱོགས་སུ་བྱོན་ཅིང་འགྲོ་དོན་མཛད། དེའི་རྗེས་རྡོ་རྗེ་གླིང་པ། དེའི་རྗེས་རྒྱལ་སྲས་ཟླ་བ་གྲགས་པ། དེའི་རྗེས་གཏེར་ཆེན་པདྨ་གླིང་པ་ བྱོན་ཏེ་འགྲོ་དོན་བསྐྱངས། དེ་རྗེས་པད་གླིང་ཞལ་སློབ་ བེ་རོའི་རྣམ་རོལ་རྡོ་རྗེ་གླིང་པའི་ཡང་སྤྲུལ་དེ་མ་ཐག་པ་སྤྲུལ་སྐུ་མཆོག་ལྡན་མགོན་པོ་ཡང་གདན་ས་འདིར་བྱོན་ནས་གཙུག་ལག་ཁང་ལ་ཉམས་གསོ་མཛད་ སྨན་འདམ་ལས་ བསྒྲུབས་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་གསར་བཞེངས་མཛད། སྐུ་རྟེན་རྣམས་བྱིན་རླབས་ཀྱི་མཚན་ཁ་མི་ ཉམས་པས་ཕྱིས་སུ་གསུང་བྱོན་པ་དང་ནད་བཞེས་པ་སོགས་འགྲོ་དོན་དཔག་མེད་བྱུང་དང་འབྱུང་བཞིན་ ད་ལྟའང་སྐལ་ལྡན་རྣམས་ཀྱི་དད་རྟེན་དུ་བཞུགས་ཡོད། དེ་ནས་རིམ་པར་ པད་གླིང་གིས་སྲས་བརྒྱུད་ཆོས་རྗེ་ཀུན་དགའ་རྒྱལ་མཚན་སོགས་གདུང་འཛིན་རིམ་པ་དང་ པད་ གླིང་ཡབ་མེས་སྲས་གསུམ་སྐུ་འཕྲེང་རིམ་པར། འབྲུག་ཆེན་ངག་གི་དབང་ཕྱུག ཡབ་རྗེ་མི་ཕམ་བསྟན་པའི་ཉི་མ་ བྱམས་མགོན་རྣམ་གཉིས་ གྲུབ་ཐོབ་ནོར་བུ་དབང་ཕྱུག་སོགས་གསར་རྙིང་གི་སྐྱེས་ཆེན་དུ་མ་བྱོན་ནས་གདན་ས་ མཛད་ཅིང་འགྲོ་དོན་བསྐྱངས། དེ་རྗེས་ལྷ་ལུང་དཔལ་རྡོར་གྱི་རྡོ་རྗེ་སྤུན་དྲུག་ནང་ཚན་གཅིག་གི་བརྒྱུད་པ་རི་འཕེལ་ གདུང་གི་བླ་མ་རྒྱལ་མཚན་ནས་གདན་ས་མཛད་པའི་མཐར་ ཡང་འདུལ་གྱི་ལྷ་ཁང་ཙམ་མ་གཏོགས་གཞན་རྣམས་ཐམས་ཅད་ལ་ཉམས་ཆགས་ཆེན་པོ་བྱུང་བ་ནས་བཟུང་དགོན་པ་ཡུལ་ལུང་གཉིས་ཀ་སྟོང་ལ་ཉེ་བར་གྱུར་པ་གསང་བའི་ལོ་རྒྱུས་རྣམས་སུ་གསལ་བས་ འདིར་ཡི་གེས་འཇིགས་པ་དང་གཞན་དབང་གི་རྐྱེན་འགའ་ཞིག་ལ་བརྟེན་ནས་ཡི་གེར་བཀོད་ཐབས་བྲལ། དེ་ནས་བཟུང་ཡང་འདུལ་གྱི་གཙུག་ལག་ཁང་ལའང་ཉམས་ཆག་ལན་མང་འབྱུང་བ་མ་ཟད་ སྐབས་རེར་ཡོན་ཆབ་དང་བསང་གསོལ་འབུལ་མཁན་ཆོས་པ་ཙམ་ཡང་དཀོན་པར་གྱུར། དེའི་རྗེས་དུས་རབས་༡༨ པར་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གདུང་ལས་མཆེད་པའི་གདུང་རིགས་ལས་ ཀུན་དགའ་ཆོས་གླིང་དུ་ཕོ་བྲང་བཏབ་སྟེ་བཞུགས་པའི་ཀུན་དགའ་ཆོས་གླིང་གདུང་དུ་གྲགས་པའི་བརྒྱུད་འཛིན་རྣམས་ཀྱིས་སྒེར་གྱི་ལྷ་ཁང་དུ་བདག་གཉེར་བྱས་ནས་ ཉམས་གསོ་ཞུས། རབ་གནས་ལ་བསེ་ལ་བྱམས་མགོན་ཡེ་ཤེས་རྡོ་རྗེ་གདན་འདྲེན་ཞུས་ཏེ་ སྟག་རྩེ་སྟང་ཅན་ལྷ་ཁང་ཙམ་ལས་རྐྱེན་གཞན་ཤིག་ལ་ཐུག་ནས་མར་དགོན་པར་སྐུ་དངོས་སུ་ཕེབས་མ་ཐུབ་པར་ རབ་གནས་དངོས་གཞི་སྟག་རྩེ་ལྷ་ཁང་ནས་གནང་སྟེ་ སྦྱིན་བདག་རྣམས་ཀྱིས་དགོན་པའི་མིང་གསོལ་དགོས་པར་གསོལ་བ་བཏབ་པས་ བྱམས་མགོན་གྱིས་དགོན་པ་སྤྱན་གྱིས་གཟིགས་སར་མེད་པའི་རྒྱུ་མཚན་གྱིས་ དགོན་པའི་མིང་དུ་མི་བཱརན༼ས་གནས་འདིའི་ཁ་སྐད་དུ་༽(མི་ཤེས་) ལྷ་ཁང་ཞེས་དེ་ནས་བཟུང་མེ་འབར་ལྷ་ཁང་ལས་མི་བཱརན་ལྷ་ཁང་ཅེས་དར་བ་དེང་སང་སྒྲ་ཟུར་ཉམས་སྟེ་ མི་དྲན་ལྷ་ཁང་དང་མཎྜལ་ལྷ་ཁང་སོགས་འདྲ་མིན་དུ་དར་བར་གྲགས། དེའི་རྗེས་སུ་དུས་རབས་༡༩ པའི་ནང་ བུམ་ཐང་བྱ་རྫོང་འཆི་མེད་རྡོ་རྗེ་དང་ཨ་ཞེ་གླེ་མོ་ རྒྱལ་ཡུམ་པདྨ་ཆོས་སྐྱིད་གསུམ་ནས་སླར་ཡང་ཉམས་གསོ་མཐར་ཕྱིན་ཞུ་སྟེ་རབ་གནས་ཡང་པད་གླིང་སྐུ་འཕྲེང་དགུ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད། དེའི་རྗེས་སུ་པད་གླིང་ཐུགས་སྲས་སྐུ་ཕྲེང་བཅུ་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་སྐུ་འཁོར་རྣམས་ཀྱང་དགོན་འདིར་ལོ་ཤས་བཞུགས་ནས་སྔོན་འགྲོ་སོགས་ཀྱི་ཐུགས་དམ་ཉམས་བཞེས་གནང་ཡོད། དེ་ལྟར་དགོན་པ་ལ་འཕེལ་གྲིབ་དུ་མ་ཤོར་བའི་རྗེས་དུས་རབས་༢༡ རང་ལུགས་གནམ་ལོ་ལྕགས་ཕོ་ སྟག་ལོ་ སྤྱི་ལོ་༢༠༠༩ ལོར་ ཀུན་མཁྱེན་འཇིགས་མེད་གླིང་པའི་ཐུགས་སྲས་ ཉང་བན་རྣམ་རོལ་མོན་བླ་མཁས་གྲུབ་འཇིགས་མེད་ཀུན་གྲོལ་སྐུ་ཕྲེང་ལྔ་པ་ ཨོ་རྒྱན་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་མཆོག་ ཐ་མལ་གྱི་སྣང་ངོར་ འདིར་ཕྱོགས་ཀྱི་གནས་གཟིགས་ལ་ཕེབས་པའི་ཚུལ་མཛད་ཀྱང་དོན་ལ་མ་དང་མཁའ་འགྲོས་ལུང་བསྟན་དུས་ལ་ བབས་པ་སོགས་དགེ་མཚན་རྟེན་འབྲེལ་དུས་ལ་བབས་པ་དང་བསྟུན་ བསམ་གླིང་དང་རི་འཕེལ་མི་མང་ནས་དད་མོས་ཀྱི་སྒོ་ནས་ གདན་ས་ཡོ་བྱད་དང་བཅས་པ་རིན་པོ་ཆེ་མཆོག་ལ་ཕུལ་བའི་རྗེས་སུ་ གདན་སའི་མཚན་ཡང་ གསང་ཆེན་ཨོ་རྒྱན་གཙུག་ལག་ཅེས་ཐུགས་སྨོན་དང་བཅས་གསར་དུ་བཏགས་པར་མཛད། དེ་དུས་རིན་པོ་ཆེ་མཆོག་ དགུང་ན་ཕྲ་བ་དགུང་ལོ་བཅུ་དགུ་ལས་མ་བཞེས་ཀྱང་ ཐུབ་པའི་བསྟན་པ་སྤྱི་བྱེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དོན་དུ་ ཐོག་མར་དགེ་འདུན་ཞལ་གྲངས་བཅུ་ཕྲག་གཅིག་གསར་འཛུགས་མཛད་སྟེ་གསལ་བྱེད་ནས་ ཙམ་འབྲི་ཀློག་ རིགས་གནས་ རང་ལུགས་ཀྱི་ཆོ་ག་གར་ཐིག་དབྱངས་སོགས་སྦྱང་སའི་ གསང་ཆེན་ཨོ་རྒྱན་གཙུག་ལག་གཞི་རིམ་སོབ་གྲྭ་གཞི་བཙུགས་ཏེ་ སངས་རྒྱས་བསྟན་པའི་མེ་རོ་སློང་བའི་དབུ་བཙུགས། ཡུན་རིང་ནས་ཉམས་པའི་ལོ་བསྟར་གྱི་ཆོ་འཕྲུལ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་སྨྱུང་གནས་རིམ་མུས་སུ་སླར་གསོ་མཛད་དེ་ ཉེ་བར་གནས་པའི་དད་ལྡན་རྣམས་འདུས་སྟེ་དུས་བཟང་དང་དུས་ཆེན་ཁག་རྣམས་ལ་འོད་མཚན་དང་མ་ཎི་རྒྱུན་འདོན་གྱི་སྲོལ་བཙུགས། ལོ་བསྟར་བཞིན་འབྲུག་ཟླ་༢ པའི་ནང་མཁས་གྲུབ་དང་པའི་འདས་མཆོད་མཁའ་འགྲོའི་སྒྲུབ་མཆོད་ཚོགས་འབུམ་དང་། ཟླ་རིམ་གྱི་གནམ་སྟོང་ལ་དགོན་སྲུང་དཔལ་ལྡན་ལྷ་མོ་དང་མ་གཟའ་དམ་གསུམ་གྱི་ཟླ་བསྐང་། སྤྲེལ་ཟླའི་ཚེས་བཅུ། ཕུར་པའི་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པ། རྡོར་སེམས་སྒྲུབ་མཆོད་སོགས་སྤྱིར་འཛམ་བུ་གླིང་དང་བྱེ་བྲག་དཔལ་ལྡན་འབྲུག་པའི་བསྟན་སྲིད་ཀྱི་དོན་དུ་དམིགས་ཏེ་འབུམ་སྡེའི་རིགས་སླར་གསོ་དང་གསར་དུ་རྒྱུན་འཛུགས་མཛད།

དེ་བཞིན་དགོན་པའི་ཕྱིའི་བཀོད་པ་ཡང་ཕྱི་ལོ་༢༠༡༥ ནས་ ཐོག་མར་དགེ་འདུན་པའི་བཞུགས་ཤག་ཀུན་དགའ་རྭ་བ་ གསར་བཞེངས་དང་སྒྲུབ་སྡེ་དཔལ་ཆེན་ཁང་གསར་བཞེངས་མཛད་དེ་ དགེ་སློབ་སྐུ་བགྲེས་གསུམ་ཐོག་མར་ལོ་བདུན་གྱི་བཅད་རྒྱ་ལ་བཞུགས། དེ་ནས་རིམ་བཞིན་ཚོགས་ཁང་མདོ་སྔགས་བཤད་སྒྲུབ་གླིང་དང་འཇིགས་མེད་ཀུན་གྲོལ་དཔེ་མཛོད་ཁང་གསར་བཞེངས་ ཐབ་ཚང་བཟའ་ཁང་དང་མགྲོན་ཁང་གསར་བཞེངས་སོགས་ དེང་དུས་དང་ མཐུན་པའི་བྱ་བ་ལས་ཀྱི་འཁོར་ལོ་ལ་ཐུགས་བསྐྱེད་རླབ་པོ་ཆེ་བཞེད་དེ་འཕྲིན་ལས་མཛད་བཞིན་ཡོད་ལགས། དེ་བཞིན་སྤྱི་ལོ་༢༠༢༡ སྟེ་ཟླ་༤པའི་ཚེས་༡༧ རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་རང་ཟླ་གསུམ་པའི་ཡར་ཚེས་བཅོ་ལྔ་དགེ་བའི་ཉིན་མོ་ཁྱད་པར་ཅན་སྟོན་པ་ཐུབ་པའི་དབང་པོ་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་སྟེ་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་བའི་དུས་བཟང་པོ་ལ་ སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་འཕགས་ཡུལ་མེ་སོར་དཔལ་ཡུལ་རྣམ་གྲོལ་གླིང་གི་གདན་སའི་༧སྐྱབས་རྗེ་མཁན་ཆེན་བླ་མ་དམ་པ་འཇམ་དབྱངས་ ཚེ་རིང་རིན་པོ་ཆེ་མཆོག་ཆེད་དུ་ཕེབས་སྟེ་ གསང་ཆེན་ཨོ་རྒྱན་གཙུག་ལག་ནང་བསྟན་སློབ་གླིང་ ཞེས་བཤད་གྲྭའི་མཚན་སྦྱང་འགོ་འབྱེད་གནང་སྟེ་འདུས་པ་སྟོང་ཕྲག་ལ་ཉེ་བ་རྣམས་ལ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་སྔ་ནས་མཛད་པའི་ཡོན་ཏན་རིན་པོ་ཆེ་མཛོད་ཀྱི་ལྗགས་ལུང་གནང་སྟེ་ཐེག་པ་རིམ་དགུའི་མཚོན་འབྱེད་དགེ་འདུན་པ་ཞལ་གྲངས་དགུ་ནས་རྒྱལ་བའི་བཀའ་དང་འཕགས་བོད་འབྲུག་སོགས་ཀྱི་མཁས་གྲུབ་རྣམས་ཀྱི་མཛད་པའི་མདོ་སྔགས་ཀྱི་བསྟན་བཅོས་རྣམས་ལ་ཐོས་བསམ་གནང་སའི་བཤད་གྲྭ་གཞི་བཙུགས་གནང་མཛད་པ་ལ་སོགས་པ་དགོན་པ་ཕྱི་ནང་གསང་གསུམ་གང་ཐད་ནས་ཡར་རྒྱས་དང་གོང་འཕེལ་འགྲོ་བཞིན་པ་ནི་ད་ལྟ་མངོན་སུམ་ཚད་མའི་ཡུལ་དུ་བཞུགས་ཡོད་པ་དང་མ་འོངས་པར་ཡང་དགོས་དུས་དང་བསྟུན་ཡར་རྒྱས་གོང་འཕེལ་གྱི་འཆར་གཞི་སོགས་དགེ་བའི་ལོ་ཏོག་སྐྱེ་རུང་དུ་ཡོད་པས་ཐུགས་སྨོན་དང་རྒྱབ་སྐྱོར་སོགས་རྟག་ཏུ་གནང་སྐྱོང་ཡོད་པར་མཁྱཻན་མཁྱེན་ལགས།

Young monks of the monastery seated at red-draped tables performing a ritual with a large ceremonial frame drum, against walls covered in traditional Buddhist murals.

ཞེས་པའང་དཔལ་ལྡན་འབྲུག་གཞུང་ནང་སྲིད་དང་སྲོལ་འཛིན་ལས་ཁུངས་ནས་དགོན་པའི་འབྱུང་རབས་དང་ལོ་རྒྱུས་ཞིག་དགོས་པར་ཡང་ཡང་དགོན་པའི་ལས་ཁུངས་སུ་བཀའ་བསྐུལ་གནང་ཡོད་པར་བརྟེན་ དགོན་པའི་དཀར་ཆག་རྙིང་པ་དང་བསྟན་བདག་མོན་བླ་མཁས་གྲུབ་རིན་པོ་ཆེ་མཆོག་ནས་མཛད་པའི་དགོན་པའི་འབྱུང་རབས་དང་རྒན་རབས་རྣམས་ཀྱི་ཞལ་རྒྱུན་སོགས་ལ་གཞི་བཅོལ་ནས་ འཕར་བ་ཞེས་པ་འབྱུང་བ་གསུམ་ལྡན་གནམ་ལོ་ལྕགས་མོ་གླང་ལོ་ཐ་སྐར་ཟླ་བའི་ཚེས་༡༦་ལ་གདན་སའི་མཁན་མིང་ཙམ་འཛིན་པ་ཤཱཀྱའི་དགེ་སློང་གྱི་ན་བ་འགྱུར་མེད་མཚོ་སྐྱེས་རྡོ་རྗེས་སུག་བྲིས་བགྱིས་པ་དགེའོ།།